སྦྱོང་གཞིའི་སློབ་ཚན་དང་དེ་དང་འབྲེལ་ཡོད་ལས་གཞི་གཞན།

༡༽ སློབ་ཚན་གྱི་སྐོར།

སློབ་ཚན་གཙོ་བོ་རྗེ་བཙུན་ཆོས་ཀྱི་རྒྱལ་མཚན་གྱི་གསུང་འབུམ་གཞིར་བཞག་ནས་གཞུང་ཆེན་བཀའ་པོད་ལྔའི་རྩ་འགྲེལ་ཁག་དང་། སུམ་རྟགས་དག་གསུམ་དང་། སྙན་ངག་མངོན་བརྗོད། བོད་ཀྱི་རྒྱལ་རབས་ཆོས་འབྱུང་དང་དབྱིན་ཡིག གློག་ཀླད་བཅས་ཡོད། བཙུན་མ་དབྱིན་ཡིག་གནས་ཚད་མཐོ་བ་རྣམས་ལ་སྔར་ལོ་ནས་སྐད་སྒྱུར་སྦྱོང་བརྡར་སྤྲད་བཞིན་ཡོད། ད་ལྟའི་ཆར་འཛིན་གྲྭར་དངོས་སུ་ཞུགས་མཁན་སློབ་མ་གྲངས་ ༡༣༧ དང་འཛིན་རིམ་ཁག་བདུན་སྟེ། བསྡུས་ཆུང་། བསྡུས་ཆེན། གཞུང་གསར། ཕར་ཕྱིན་ལོ་རིམ་དང་པོ། ཕར་ཕྱིན་ལོ་རིམ་གསུམ་པ། ཕར་ཕྱིན་ལོ་རིམ་བཞི་པ། ཕར་ཕྱིན་ལོ་རོམ་ལྔ་པ། མཛོད་ལོ་རིམ་གཉིས་པ། འདུལ་བ་འཛིན་གྲྭ། བཀའ་རམས་འཛིན་གྲྭ་བཅས་དང་། ཁྱོན་བསྡོམས་བཙུན་མའི་གྲངས་༢༠༠ མ་ཟིན་ཙམ་ཡོད

༢༽ དགེ་རྒན་གྱི་སྐོར།

བཙུན་དགོན་འདི་ཉིད་དུ་ད་ཡོད་དཔེ་ཁྲིད་དགེ་རྒན་དགེ་བཤེས་ལྷ་རམས་པ་གསུམ་དང་། དགེ་བཤེས་མ་གཅིག རིག་གནས་དགེ་རྒན་གཉིས། དབྱིན་ཡིག་དགེ་རྒན་གཉིས་བཅས་ཡོད།

༣༽ ཕྱག་འཁྱེར་འབུལ་ཕྱོགས་ཀྱི་སྐོར།

དེ་ཡང་གཞུང་ཆེན་བཀའ་པོད་ལྔའི་ནང་ཚན་ལས་ཕར་ཕྱིན་རབ་ འབྱམས་པའི་ཕྱག་འཁྱེར་དང་། དབུ་མ་རབ་འབྱམས་པའི་ཕྱག་འཁྱེར་དང་། བསྡུས་གྲྭ་ནས་དམ་ཆོས་འདུལ་བའི་བར་ལ་མི་ལོ་ཧྲིལ་པོ་བཅུ་བདུན་རིང་སློབ་གཉེར་གནང་སྟེ་བསླབ་པ་མཐར་སོན་པ་རྣམས་ལ་གཞུང་ཆེན་གཙུག་ལག་རབ་འབྱམས་པའི་ཕྱག་འཁྱེར། སུམ་རྟགས་དག་གསུམ་དང་། སྙན་ངག་མངོན་བརྗོད། རྒྱལ་རབས་ཆོས་འབྱུང་བཅས་ཀྱི་བསླབ་པ་མཐར་སོན་པ་རྣམས་ལ་རིག་གནས་རབ་འབྱམས་པའི་ཕྱག་འཁྱེར་འབུལ་སྲོལ་ཡོད་པ་བཅས་བཙུན་དགོན་འདི་ནས་བསླབ་པ་མཐར་སོན་རྣམས་ལ་ཁྱོན་ཕྱག་འཁྱེར་ཁག་བཞི་ཙམ་འབུལ་སྲོལ་ཡོད།

༤༽ ཡིག་རྒྱུགས་ཀྱི་སྐོར།

ལོ་རེར་རྩོད་རྒྱུགས་དང་འབྲི་རྒྱུགས་ཐེངས་གཉིས་རེ་དང་། ལོ་རེའི་བཙུན་མའི་འཇང་དགུན་ཆོས་གྲུབ་མཚམས་སུ་ཚད་མའི་རྩོད་རྒྱུགས་རེ་དང་། ལོ་འཁོར་བློ་རྒྱུགས་ཆེན་མོ་གཅིག་བཅས་ཁྱོན་ཡིག་རྒྱུགས་ཐེངས་བཞི་རེ་དང་། ཡིག་རྒྱུགས་བཏང་བའི་སྦྱངས་འབྲས་རྩེར་སོན་པ་རྣམས་ལ་ལེགས་གསོའི་བྱ་དགའ་འབུལ་སྲོལ་ཡོད་པ་ནི་ཤེས་ཡོན་གྱི་སྡེ་ཁག་གཅིག་མཚུངས་ལྟར་དང་།

༥༽ དགེ་བཤེས་མའི་སྐོར།

དགེ་བཤེས་མ་ཐོན་ཟིན་པ་གཉིས་ལས་གཅིག་གིས་ད་ལྟ་དཔེ་ཁྲིད་བྱེད་བཞིན་པ་ཡིན། འདི་ལོའི་དགེ་བཤེས་མ་ལོ་རིམ་བཞི་པའི་ནང་དུ་བཙུན་མ་གསུམ་དང་ལོ་རིམ་གསུམ་པའི་ནང་གཅིག ལོ་རིམ་གཉིས་པའི་ནང་བཙུན་མ་བཞི། ༢༠༢༠ ལོར་གསར་དུ་ཞུགས་མཁན་བཙུན་མ་གྲངས་དགུ་བཅས་ཡོད། 

༦༽ བཙུན་མའི་འཇང་དགུན་ཆོས་ལ་མཉམ་ཞུགས་བྱེད་ཚུལ།

བཙན་བྱོལ་དུ་འབྱོར་ནས་བཙུན་མ་ཚོས་གཞུང་ཆེན་སློབ་གཉེར་བྱས་པ་དང་སྦྲགས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོས་ཐུགས་རྗེའི་གཟི་རླབས་འོག་བཙུན་མའི་འཇང་དགུན་ཆོས་འཚོགས་རྒྱུའི་གོ་སྐབས་ཐོབ་པ་ནས་བཟུང་སྟེ་བཙུན་དགོན་འདི་ཉིད་ནས་རྒྱུན་ཆད་མེད་པར་མཉམ་ཞུགས་བྱས་དང་བྱེད་མུས་ཡིན་ཞིང་། ལོ་ལྟར་སློབ་གཉེར་བའི་གྲངས་ཀྱང་ཇེ་མང་དུ་ཕྱིན་ཏེ་ ༢༠༡༨ ལོར་བཙུན་མ་གྲངས་ ༦༠ དང་དཔེ་ཁྲིད་དགེ་རྒན་གཉིས་མཉམ་ཞུགས་བྱས་པ་དང་སྤྱི་ལོ་ ༢༠༡༩ བཙུན་མ་གྲངས་༦༠ དཔེ་ཁྲིད་དགེ་རྒན་གཉིས་མཉམ་ཞུགས་བྱས། 

༧༽ དེང་དུས་ཚན་རིག་གི་གཟབ་སྦྱོང་ཁག་ལ་མཉམ་ཞུགས་བྱེད་ཚུལ།

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་པ་ཞིག་ཡིན་ན་དེང་དུས་ཀྱི་ཤེས་ཡོན་ཡོད་པའི་ཐོག་ནས་ནང་པའི་ཆོས་ལ་ཤེས་ནས་དད་པ་ཐོབ་པ་ཞིག་བྱ་དགོས་ཞེས་བཀའ་སློབ་བཀའ་དྲིན་སྩོལ་གནང་མཛད་པ་བཞིན་འདི་གའི་བཙུན་དགོན་ནས་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་དང་བོད་ཀྱི་དཔེ་མཛོད་ཁང་བཅས་ནས་བཙུན་མ་ཚོར་ཚན་རིག་གཟབ་སྦྱོང་གནང་བ་ཁག་ལ་སློབ་གཉེར་བའི་ཁྲོད་ནས་བཙུན་མ་བློ་རིག་བཀྲ་ཞིང་དོན་གཉེར་ཡོད་པ་རྣམས་འདེམས་སྒྲུག་གིས་མཉམ་ཞུགས་བྱེད་བཞིན་ཡོད་པ་མ་ཟད་སྤྱི་ལོ་ ༢༠༡༧ ནས་བཟུང་བོད་མིའི་སྒྲིག་འཛུགས་ཆོས་རིག་ལས་ཁུངས་དང་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་འབྲས་སྤུངས་བློ་གསལ་གླིང་གྲྭ་ཚང་དང་བོད་ཀྱི་དཔེ་མཛོད་ཁང་བཅས་ཀྱིས་དམིགས་བསལ་གོ་སྒྲིག་ནང་བའི་ལོ་དྲུག་གི་དབྱར་ཁའི་བཙུན་མའི་ཚན་རིག་འཛིན་གྲྭར་བཙུན་མ་གཉིས་མཉམ་ཞུགས་བྱེད་བཞིན་པ་ཡིན།

༨༽ ཕྱི་རྒྱལ་མི་རིགས་ཁག་ལ་ནང་བསྟན་སློབ་སྦྱོང་སྤྲོད་ཚུལ།

སྔར་ལམ་ནས་བཙུན་དགོན་འདི་ཉིད་དུ་ཕྱི་རྒྱལ་མི་རིགས་ཁག་ཅིག་ནས་སྒྲིག་ཞུགས་མ་ཡིན་པའི་ཐོག་ནས་སློབ་གཉེར་བྱ་རྒྱུར་རིན་མེད་ཐོག་མཐུན་རྐྱེན་སྦྱོར་བཞིན་ཡོད་པ་དང་། སྤྱི་ལོ་ ༢༠༡༩ ནས་ཕྱི་རྒྱལ་གྱི་སློབ་གཉེར་བ་རྣམས་ལ་བཙུན་དགོན་འདིའི་བཙུན་མ་གཅིག་མཚུངས་ལྟར་ཡིག་རྒྱུགས་ལ་མཉམ་ཞུགས་ཆོག་པ་མ་ཟད་སློབ་མཐར་ཕྱིན་རྗེས་སུ་བཙུན་མ་གཅིག་མཚུངས་ལྟར་ཕྱག་འཁྱེར་གནང་རྒྱུའི་གོ་སྐབས་གསར་དུ་བསྐྲུན་ཡོད་པ་དང་། འདི་ལོར་རྒྱུགས་ལ་མཉམ་ཞུགས་བྱེད་མཁན་གྲངས་ལྔ་དང་དེ་མིན་བཞི་བཅས་ཁྱོན་བསྡོམས་མི་གྲངས་བདུན་ཡོད།