༄༅། །བཙུན་དགོན་དགེ་ལྡན་ཆོས་གླིང་ནང་བསྟན་སློབ་གཉེར་ཁང་གི་ལོ་རྒྱུས་མདོར་བསྡུས།

༄༅། །དྷ་ས་བཙུན་དགོན་དགེ་ལྡན་ཆོས་གླིང་ནང་བསྟན་སློབ་གཉེར་ཁང་འདི་ཉིད་ཀྱི་མ་དགོན་ནི་ལྷ་ལྡན་གྲོང་གི་བྱང་ངོས་སེ་ར་དགོན་གྱི་ཤར་རིའི་ངོས་སུ་གནས་པའི་ནེ་ཕྱུང་རི་བཙུན་དགོན་དེ་ཡིན། དེ་ཡང་ནེ་ཕྱུང་རི་བཙུན་དགོན་ནི་ཐོག་མར་སེ་ར་དགོན་པ་ཆགས་སའི་ཉེ་འགྲམ་དུ་སྤྱི་ལོའི་དུས་རབས་བཅུ་གཉིས་པའི་ནང་ཞང་གཡུ་བྲག་པའི་སློབ་མ་རབ་འབྱམས་ཆོས་རྗེས་སྒྲུབ་སྡེ་བཏབ་པའི་ཚལ་བ་བཀའ་བརྒྱུད་ཀྱི་དགོན་པ་ཞིག་ཡིན་ནའང་། དུས་རབས་བཅུ་གཉིས་པའི་ནང་རྗེ་ཙོང་ཁ་པ་སེ་ར་ཆོས་ལྡིངས་སུ་བཞུགས་སྐབས་སུ་སྡེ་དེའི་བླ་སློབ་ཡོངས་ནས་རྗེ་ཙོང་ཁ་པའི་ཞབས་ལ་གཏུགས། དེ་རྗེས་དུས་རབས་བཅུ་གསུམ་པའི་ནང་གུང་རུ་རྒྱལ་མཚན་བཟང་པོས་སེ་རའི་ཁྲི་པ་མཛད་སྐབས་བཙུན་མ་ཕལ་ཆེ་བས་གྲུབ་མཐའ་དགེ་ལུགས་འཛིན་ཅིང་། སེ་ར་སྤོ་བོ་ཁང་ཚན་དང་། གུང་རུ་ཁང་ཚན། ནེ་ཕྱུང་རི་བཅས་ནི་སྟོད་པ་མཁན་པོས་ཞལ་བདག་གནང་། དེ་ནས་བཙུན་མའི་སློབ་དཔོན་མཁའ་སྤྱོད་དཔའ་མོས་གྲྭ་བཙུན་མཉམ་དུ་བསྡད་ན་མི་རིགས་ཞེས་གསུངས་ཏེབཙུན་དགོན་དེ་ད་ལྟའི་དགོན་པ་ཆགས་ཡུལ་ནེ་ཕྱུང་རིར་སྤོས། བཙུན་དགོན་དེར་ནེའུ་ཆུང་རི་དང་། མི་ཆུང་རི། ནེ་ཕྱུང་རི་སོགས་འབོད་སྲོལ་ཡོད་ཅིང་། ནེའུ་ཆུང་རི་ཞེས་པ་ནི་རི་དེ་བྲག་རི་ཡིན་རུང་དགོན་པ་ཆགས་ས་དེར་ནེའུ་གསིང་ཆུང་ཆུང་ཞིག་ཡོད་པས་ཟེར་བ་དང་། མི་ཆུང་རི་ཟེར་དོན་ནི་རི་ངོས་སུ་མི་ཆུང་ཆུང་ཞིག་བསྡད་པ་འདྲ་བའི་རི་མོ་ཡོད་པས་ཡིན་སྐད། ནེ་ཕྱུང་རི་ཞེས་པ་ནི་མཁའ་སྤྱོད་དཔའ་མོས་བཙུན་དགོན་སྤོ་སའི་ས་བརྟག་མཛད་སྐབས་བྱ་ནེ་ལེ་ཞིག་གིས་ནང་རྟེན་བཀྲམ་པའི་དཀྱིལ་ནས་རབ་འབྱམས་ཆོས་རྗེའི་གཏོར་ཆས་བླུགས་སའི་སྣོད་དེ་ཕྱུང་ནས་ད་ལྟའི་དགོན་པ་ཆགས་ས་དེར་བསྐྱུར་བས་ནེ་ཕྱུང་རི་ཞེས་བརྗོད་ཡོད་པ་བཅས་ལས་ནེ་ཕྱུང་རི་ཞེས་པ་དེ་ཉིད་ཁུངས་བཙུན་པར་བརྩིའོ།

སྤྱི་ལོ་ ༡༩༥༩ ལོར་བོད་ལ་རྒྱ་ནག་དམར་པོའི་གཞུང་གིས་བཙན་འཛུལ་བྱས་ཏེ་བོད་རྒྱལ་ཁབ་ཀྱི་མངའ་ཐང་ཉམས་དམས་སུ་གྱུར་ཅིང་། བོད་ཀྱི་ཆོས་སྲིད་གཉིས་ཀྱི་མངའ་བདག་༸གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་དང་ཆབ་འབངས་ཁྲི་ཚོ་མང་པོ་རྒྱ་གར་འཕགས་པའི་ཡུལ་དུ་བཙན་བྱོལ་ལ་འབྱོར་སྐབས། དེ་སྔོན་བཙུན་དགོན་ནེ་ཕྱུང་རིའི་བཙུན་མ་ངག་དབང་ཆོས་འཛིན་༼རྒན་དབུ་ཟུར་ལགས། ༽དང་ངག་དབང་དཔལ་སྒྲོན་ལགས་གཉིས་ཀྱིས་གཙོས་བོད་ནས་ཕེབས་པའི་བཙུན་མ་ཁག་ཅིག་གིས་གཙོ་འགན་བཞེས་ཏེ་སྤྱི་ལོ་ ༡༩༧༣ ལོར་རྡ་རམ་ས་ལར་གསར་འཛུགས་གནང་སྟེ་བཙན་བྱོལ་ནང་གི་ཆེས་སྔ་ཤོས་ཀྱི་བཙུན་དགོན་ཞིག་ཏུ་གྱུར། ༸སྐྱབས་རྗེ་ཁྲི་བྱང་རིན་པོ་ཆེས་དགེ་ལྡན་ཆོས་གླིང་ཞེས་པའི་མཚན་གསོལ་མཛད་ཅིང་༸སྐྱབས་རྗེ་གླིང་རིན་པོ་ཆེས་དགོན་པའི་བཅའ་ཡིག་ཆེན་མོ་གཏན་འབེབས་གནང་། ཐོག་མའི་ཆར་ ༡༩༧༨ ལོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དགའ་ཤར་དགེ་བཤེས་བློ་བཟང་ཆོས་འཕེལ་ལགས་བཙུན་དགོན་འདིའི་མཁན་པོར་བསྐོ་བཞག་མཛད་པ་ལྟར་ ༡༩༧༨ ནས་༡༩༨༦ མཁན་པོ་མཛད་ཀྱང་བཙུན་དགོན་འདི་ཉིད་བཙུན་དགོན་ནེ་ཕྱུང་རིའི་ཁུངས་གཏོགས་ཡིན་པས་དེ་སྔའི་ལམ་སྲོལ་ལྟར་བཙུན་དགོན་འདིའི་མཁན་ཁྲིར་སེ་ར་བྱེས་སྨད་གཉིས་ནས་རེས་མོས་ཀྱི་ཕེབས་བཞིན་ཡོད། དེ་ཡང་སྤྱི་ལོ་ ༡༩༨༦ ནས་༡༩༩༢ བར་སེར་སྨད་དགེ་བཤེས་དམ་ཆོས་བཟང་པོ་ལགས། སྤྱི་ལོ་ ༡༩༩༣ ནས་ ༡༩༩༧ བར་སེར་སྨད་དགེ་བཤེས་དཀོན་མཆོག་ཚེ་རིང་ལགས་། ༡༩༩༨ ནས་༢༠༠༢ བར་སེར་བྱེས་དགེ་བཤེས་བློ་བཟང་ཤེས་རབ་ལགས། སྤྱི་ལོ་ ༢༠༠༡ ནས་ ༢༠༠༣ བར་སེར་བྱེས་དགེ་བཤེས་ཐུབ་བསྟན་ཡེ་ཤེས་ལགས། སྤྱི་ལོ་༢༠༠༤ ནས་ ༢༠༠༦ བར་སེར་སྨད་དགེ་བཤེས་བློ་བཟང་དབང་འདུས་ལགས། སྤྱི་ལོ་ ༢༠༠༧ ནས་༢༠༠༩ བར་སེར་བྱེས་དགེ་བཤེས་བློ་དགའ་ལགས། ༢༠༡༠ ནས་ ༢༠༡༢ བར་སེར་སྨད་དགེ་བཤེས་ཕན་བདེ་རྒྱལ་མཚན་ལགས། སྤྱི་ལོ་༢༠༡༣ ནས་ ༢༠༡༥ བར་སེར་བྱེས་དགེ་བཤེས་བྱམས་པ་ཐུབ་བསྟན་ལགས། སྤྱི་ལོ་ ༢༠༡༦ ནས་ ༢༠༡༨ བར་སེར་སྨད་དགེ་བཤེས་ཕུན་ཚོགས་ཚུལ་ཁྲིམས་ལགས། ད་ལྟའི་ཆར་སེར་བྱེས་དགེ་བཤེས་བྱམས་པ་སྐལ་ལྡན་མཆོག་གིས་མཁན་པོའི་མཛད་འགན་བཞེས་མུས་ཡིན། གོང་གསལ་གྱི་བྱུང་རིམ་དེ་ལྟར་ལགས་ཤིང་། དམིགས་བསལ་དུ་ ༢༠༠༠ ལོའི་སྤྱི་ཟླ་ ༣ ཚེས་ ༢༥ ཉིན་ནས་བོད་ཀྱི་བཙུན་མའི་ལས་འཆར་གྱིས་རྒྱབ་སྐྱོར་དང་ཐུགས་འཁུར་ཀྱི་རོགས་རམ་འོག་ནང་ཆོས་དང་སྐད་ཡིག་དགེ་རྒན་གདན་ཞུས་གནང་སྟེ་དགེ་རྒན་རྣམ་པར་གསོལ་ཕོག་སོགས་སློབ་གཉེར་དང་འཕྲོད་བསྟེན་གྱི་མཐུན་འགྱུར་གནང་བཞིན་ཡོད། དེ་ཡང་༸གོང་ས་སྐྱབས་མགོན་ཆེན་པོའི་ཞལ་སྔ་ནས་ཀྱིས་བོད་ཀྱི་བཙུན་མ་ཚོར་གཞུང་ཆེན་སློབ་གཉེར་བྱ་རྒྱུའི་གོ་སྐབས་སྩལ་བ་བཞིན་ཐོག་མར་བཙུན་དགོན་འདི་ཉིད་དུ་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་མངོན་རྟོགས་རྒྱན་གྱི་འགྲེལ་བ་རྣམ་བཤད་སྙིང་པོའི་རྒྱན་ནས་དཔེ་ཁྲིད་དབུ་འཛུགས་མཛད།